རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

རྒྱ་རིགས་རྩོམ་པ་པོ་དང་དམངས་གཙོ་དོན་གཉེར་ཅན་ནས་རྒྱ་ནག་ནང་བོད་དོན་ཐོག་ལས་འགུལ་ཕྱོཊ་ཐོག་གླེང་མོལ།

 

MM July 2014 Chinese Roundtable

 

༢༠༡༤ཟླ་༧ཚེས་༡༧ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རྒྱ་རིགས་རྩོམ་པ་པོ་དང་དམངས་གཙོ་དོན་གཉེར་མི་སྣ་༡༥གདན་ཞུས་ནས་རྒྱ་ནག་ནང་བོད་དོན་ཐོག་ལས་འགུལ་ཤུགས་ཆེ་རུ་གཏོང་ཐབས་སྐོར་གླེང་མོལ་ཞིག་གོ་སྒྲིག་གནང་།  ཚོགས་འདུ་ནང་ཁོང་རྣམས་ནས་དེང་སང་རྒྱ་ནག་ནང་རྒྱ་རིགས་ཚོས་བོད་དོན་ཐོག་གོ་རྟོགས་ཀྱི་གནས་བབས་ཐོག་བསྐྱར་ཞིབ་གནང་ཞིང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་ད་ཡོད་རྒྱ་ནག་གི་ཁྲིམས་དང་འཛིན་སྐྱོང་གི་སྒྲིག་གཞི་སོགས་བརྒྱུད་བོད་མིའི་སྤྱི་ཚོགས་དང་། ཁོར་ཡུག ཁྲིམས་ལུཊ། ཆབ་སྲིད་སོགས་ཀྱི་བདེ་སྡུག་ཐོག་གཟིགས་ཐུབ་རྒྱུའི་ཐོག་གྲོས་བསྡུར་གནང་།

ཁོང་རྣམས་ནས་རྒྱ་ནག་གཞུང་ནས་དབུ་མའི་ལམ་བརྒྱུད་བོད་དོན་སེལ་རྒྱུ་དང་བོད་ཆེན་པོ་ཟེར་བ་སོགས་ཁྱོག་བཤད་བྱེད་པར་རྒོལ་ལན་བྱེད་རྒྱུའི་ཐབས་ལམ་བཀའ་བསྡུར་གནང་། ཁོང་ཚོས་བརྗོད་གསལ་ལ་གལ་ཏེ་རྒྱ་ནག་གི་མི་མང་རྣམས་ལ་དབུ་མའི་ལམ་གྱི་གོ་རྟོགས་ཡང་དག་པ་སྤྲད་པའི་གོ་སྐབས་བྱུང་ན་ཁོང་ཚོས་དེར་རྒྱབ་སྐྱོར་ཡོང་གི་ཡོད པའི་ཡིད་ཆེས་གནང་།

ཁོང་ཚོས་ད་ཡོད་རྒྱ་སྐད་ཐོག་བོད་སྐོར་ཡིག་ཆ་ལ་སོགས་ཚང་མ་མཉམ་རུབ་བྱེད་ཐུབ་ན་དགེ་མཚན་ཡོད་པ་དང་། དེས་ཕན་ཚུན་གྲོས་བསྡུར་དང་གནས་ཚུལ་བརྗེ་ལེན་སོགས་བརྒྱུད་རྒྱ་རིགས་ཚོར་བོད་སྐོར་གནས་ཚུལ་ཡང་དག་པ་ཁོ་སྤྲོད་བྱེད་ཐུབ་པ་གཟིགས།

July 17 2014 Chinese Meeting Group Pic

གླེང་མོལ་དེར་མཉམ་ཞུགས་གནང་མཁན་ནི་ཀྲང་པོ་ཧྲུའུ་དང་། ཧུ་ཕིང་། ལི་ཅང་ལིན། ཏིང་ཨི་ཕུ། ཁྲེན་པོ་ཁོང་། ཡང་ཅན་ལི། ཧན་ལིན་ཁྲོ། ཞ་ཡེ་ལང་། ཞ་མིང་། གོ་ཁྲེན་ཤའོ། པེའི་ཕིང་། ཆིང་ཝེ་ཕིང་། མིང་ལང་། ཁྲེང་ཁུའི་ཏེ། ལི་ཝེ་ཏོང་ཡིན།
བོད་མི་མཉམ་ཞུགས་གནང་མཁན་ནི་བོད་ཀྱི་དོན་གཅོད་ཁང་ནས་ཀུན་དགའ་བཀྲིས་ལཊ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རིན་ཆེན་བཀྲིས་ལཊ། པད་མ་དབང་རྒྱལ་ལཊ། བསྟན་ཆོས་རྒྱ་མཚོ་ལཊ།  བུ་ཆུང་ཚེ་རིང་ལགས་ཡིན།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་མེ་ཐི་ཡོ་མེ་ཁ་ཆི་ནས་ཚོགས་འདུ་བ་ཚོར་འཚམས་འདྲིའི་གསུང་བཤད་གནང་སྐབས་ང་ཚོའི་ལས་ཁུངས་ནས་རྒྱ་རིགས་ཚོ་དང་འབྲེལ་བའི་ལས་དོན་དེ་གལ་ཆེན་པོ་བརྩིས་ཀྱི་ཡོད་པ་དང་དེ་ཐོག་ནུས་ཤུགས་གང་ཐུབ་སྤེལ་རྒྱུ་ཡིན་པ་གསུངས།

གླེང་མོལ་གྲུབ་རྗེས་བོད་ཀྱི་དོན་གཅོད་ཁང་ནས་ཚོགས་མི་ཚོར་གསོལ་སྟོན་གཤམས་གནང་བ་དང་སྐུ་ཚབ་དོན་གཅོན་དབུ་དཀར་ཚང་སྐལ་རྡོར་ལགས་ནས་ལས་ཁུངས་ཀྱི་ཕྱག་ལས་ཁོང་རྣམས་ལ་ ངོ་སྤྲོད་གནང་བ་རེད།

 

བོད་ས་ཁུལ་དུ་ཨ་རི་བ་ཚོར་དམ་བསྒྲཊ་མེད་པའི་ཐོག་ནས་བསྐྱོད་ཆོག་རྒྱུའི་ཆེད་གྲོས་ཆོད་གྲོས་འཆར།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༢ ཉིན་ཨ་མེ་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇིམ་མེཀ་གོ་ཝན་ Jim McGovern མཆོག་གིས་ཨ་རི་བ་ཚོ་བོད་ཀྱི་ས་ཁུལ་ཁག་ཏུ་དམ་བསྒྲགས་མེད་པའི་ཐོག་ནས་འགྲོ་ རྒྱུའི་ཆོག་མཆན་སྤྲོད་དགོས་པའི་གྲོས་ཆོད་གྲོས་འཆར་བཏོན་པ་དང་སྦྲགས། ཨ་རིའི་གཞུང་གིས་རྒྱ་ནག་གི་མི་ཚོར་ཨ་རིའི་ས་ཁུལ་ནང་དམ་བསྒྲགས་གང་ཡང་མེད་པར་འགྲོ་རྒྱུའི་ཆོག་མཆན་སྤྲད་ཡོད་པ་ལྟར་རྒྱ་ནག་གཞུང་ནས་ཀྱང་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་མི་མང་དཀྱུས་མ་བཅས་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱིན་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ཡུལ་ལྗོངས་ཀྱི་བཀོད་པ་དང་། བོད་མི་རིགས་ཀྱི་ངོ་བོ། བོད་མིའི་ཆོས་དང་རིག་གཞུང་བཅས་ཀྱི་སྐོར་གོ་རྟོགས་ཐུབ་ཆེད་བོད་ནང་དུ་དམ་བསྒྲགས་གང་ཡང་མེད་པའི་ཐོག་ནས་འགྲོ་བསྐྱོད་བྱེད་འཇུག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད། དེ་ཡང་སྐུ་ཞབས་ཇིམ་མཆོག་གིས་གསུང་དོན། དེང་སྐབས་རྒྱ་ནག་གཞུང་གིས་རྒྱ་ནག་གི་ས་ཁུལ་གཞན་ལས་ཀྱང་ལྷག་པའི་བོད་ཀྱི་ས་ ཁུལ་ནང་དམ་བསྒྲགས་བྱེད་བཞིན་ཡོད། དམ་བསྒྲགས་དེ་ལྟར་བྱས་པ་དེས་ཨ་རི་བ་དང་བོད་མི་གཉིས་ཀར་རྗེས་འབྲས་ངན་པ་ཞིག་ འཐོན་བཞིན་ཡོད་པར་བརྟེན། ཕན་ལས་གནོད་ཆེ་བ་ཡོད། དཔེར་ན། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ནང་བོད་ནང་དུ་རླངས་འཁོར་བརྡབ་སྐྱོན་འོག་ཨ་རི་བ་ཁག་གཅིག་གི་གནས་སྟངས་ཇི་འདྲ་ཡོད་མེད་སྐོར་རྟོག་ཞིབ་ཆེད་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་བོད་ནང་དུ་འགྲོ་རྒྱུའི་ཆོག་མཆན་ཞུས་ཀྱང་རྒྱ་ནག་གཞུང་གིས་དུས་ཚོད་ཧ་ཅང་རིང་པོར་ ཆོག་མཆན་མ་སྤྲད་པར་དམ་བསྒྲགས་བྱས་ཡོད། དེར་བརྟེན་ཨ་རིའི་གཞུང་གིས་རང་གི་མི་མང་དཀའ་ངལ་འོག་ཚུད་པ་རྣམས་ལ་དུས་ཐོག་གཟིགས་རྟོག་ཐུབ་ཀྱི་མེད། གཞན་ཡང་བོད་ནང་དམ་བསྒྲགས་བྱས་པ་དེས་བོད་མི་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བ་རྩ་བ་ནས་མེད་པར་ལུས་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་སོགས་ཀྱི་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཤེས་རྟོགས་ཐུབ་ཐབས་བྲལ། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཨ་རིའི་མེ་ས་ཆུ་སེ་ཊི་ Massachusetts མངའ་སྡེའི་ནང་གནས་སྡོད་བོད་རིགས་རྣམས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནད་དོན་དེ་དག་ཐོག་སྐུ་ངལ་འཛེམ་མེད་ཀྱིས་འབད་བརྩོན་གནང་དང་གནང་མུས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ ཡིན། ཞེས་གསུངས་པ་མ་ཟད། མུ་མཐུད་ནས་གསུང་དོན། ཨ་རི་དང་རྒྱ་ནག་ཡུལ་གཉིས་དབར་འབྲེལ་ལམ་ཆུང་དུ་གཏོང་རྒྱུ་མིན་པར་ང་ཚོ་དང་ བོད་གཉིས་དབར་འབྲེལ་ལམ་གོང་མཐོར་བཏང་སྟེ། བོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་ཐོག་ནས་འགྲོ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན། ཞེས་གསུངས། གྲོས་འཆར་དེར་རྒྱབ་སྐྱོར་གནང་མཁན་གཙོ་བོ་གཅིག་ནི་ཨ་རིའི་གྲོས་ཚོགས་གོང་མའི་ སྐུ་ཚབ་འཐུས་མི་སྐུ་ཞབས་ཇོ་པི་ཊི་ Joe Pittsམཆོག་ཡིན་འདུག

རྩོམ་པ་པོ་འོད་ཟེར་གྱིས་བྲིས་པའི་དོལ་རྒྱལ་སྐོར་གྱི་བསམ་ཚུལ།

རྩོམ་པ་པོ་འོད་ཟེར་གྱིས་བྲིས་པའི་དོལ་རྒྱལ་སྐོར་གྱི་བསམ་ཚུལ།

 

བོད་ཀྱི་བང་ཆེན་ ༢༠༡༤ ཟླ་བ་ ༥ ཚེས ༡༣ དུས་ཚོད ༥:༡༥༠ ཕྱི་དྲོ།

 

ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར།

 

དོལ་རྒྱལ་གནད་དོན་ལ་རྒྱ་ནག་གཞུང་གིས་མངོན་ལྐོག་གཉིས་ནས་ཐེ་གཏོགས་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། སྔར་ནས་ཆོས་ལུགས་ནང་ཁུལ་གྱི་གནད་དོན་གཅིག་པུ་ཞིག་མིན་པར། ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད། བལྟས་ཚོད་ལ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དད་མོས་རང་དབང་རྩོད་ལེན་བྱེད་བཞིན་པ་ལྟ་བུའི་ནུབ་ཕྱོགས་ཀྱི་དོལ་རྒྱལ་རྗེས་འབྲང་པ་དག་གིས། དུས་ནམ་ཡང་བོད་མིའི་བསམ་བློ་ལ་རྒྱུས་ལོན་བྱ་ཐབས་བྲལ་བ་མ་ཟད། དུས་གཏན་དུ་བོད་མིའི་བསམ་བློའི་འཇིག་རྟེན་མཐོང་མི་ཐུབ། དྲང་པོར་བཤད་ན། ཁོང་ཚོས་འཁྲབ་སྟོན་ཞིག་བྱེད་བཞིན་པ་དང་ཧ་ཅང་མཚུངས། བོད་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་མཁོ་ཡོད་ནའང་། བོད་མི་ལས་ལྷག་པའི་བོད་ལ་རྒྱུས་མངའ་ཡོད་མདོག་བྱེད་མཁན་དག་གིས་ང་ཚོའི་ཆེད་དུ་རྐང་བརྡ་ལག་བརྡ་བྱེད་དགོས་དོན་མེད། མི་དེ་དག་གིས་བོད་བརྒྱུད་ནང་བསྟན་གྱི་མིང་ཐོག་ནས་བོད་ལ་དཀའ་སྡུག་མི་སྟེར་བ་དང་། བོད་བརྒྱུད་ནང་བསྟན་གྱི་མིང་ཐོག་ནས་དུས་ཚོད་དེ་ལྟར་མང་པོ་ཞིག་བཏང་སྟེ་བོད་ཀྱི་གནད་དོན་ལ་ཐེ་བྱུས་མི་བྱེད་པའི་རེ་བ་ཡོད། རང་སྣང་མཐོ་བའི་ཆོས་ལུགས་རྫུན་མ་ཞིག་གི་ཚོར་བའི་ནང་དུ་ཐིམ་ཏེ། མི་སེར་སྤེལ་བའི་དྲག་པོའི་དབང་ཤུགས་ཀྱིས་བོད་ལ་ཁ་གཏད་པའི་མདེའུ་ཞིག་ཏུ་གྱུར་མི་རུང་།

 

རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས། བོད་ཕྱི་ལོགས་སུ་ཡོད་པའི་བཙན་བྱོལ་བོད་མི་ཡིན་ནའང་འདྲ། བོད་ནང་དུ་ཡོད་པའི་རང་དབང་མེད་པའི་བོད་མི་ཡིན་ཡང་རུང་། འདི་ལྟ་བུའི་བོད་ཀྱི་སྲོལ་རྒྱུན་གྱི་སྤྱི་ཚོགས་རྙིང་པའི་གནད་དོན་ཞིག་ལ་གདོང་ལེན་བྱེད་སྐབས། དེའི་ཁྲོད་ཀྱི་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་ངོ་ཤེས་དགོས། རྒྱལ་ཁབ་ཆེན་པོ་དང་མི་ཆུང་ངུ་མཉམ་དུ་བསྲེས་པ་དང་། ཆབ་སྲིད་དང་སྒེར་དོན། བརྒྱུད་བསྒྲགས་དང་གསང་བ། དྲག་ཤུགས་དང་ཉེས་འཛུགས། ཉོ་བསླུ་དང་རྒྱབ་འགལ་སོགས་ཀྱི་གཡོ་ཇུས་ལམ་ནས། དོལ་རྒྱལ་ཤོག་ཁག་གིས་སྐད་ཅོར་ཆེན་པོས་༧གོང་ས་མཆོག་ལ་སྐྱོན་འཛུགས་བྱེད་བཞིན་ཡོད། གལ་སྲིད་བོད་མི་ཁོང་ཁྲོ་ལངས་པའི་བྱེད་སྟངས་ཐོག་ནས་དོལ་རྒྱལ་ཤོག་ཁག་ལ་དམའ་འབེབས། དཔེར་ན་མཆིལ་མ་འཕེན་པ་དང་། ཅ་ལག་གཡུགས་པ་སོགས་བྱེད་ན། ཕན་ཐོགས་པ་ཕར་བཞག དེ་ལས་ལྡོག་ཏེ་བོད་ཀྱི་མཚན་སྙན་ལ་གནོད་སྲིད། དོལ་རྒྱལ་ཤོག་ཁག་གིས་འཁྲབ་སྟོན་བྱེད་སའི་སྡིངས་ཆ་འདི་ལྟ་བུ་ལ། རབ་ཏུ་བྱུང་ན་ཁ་ཡ་མ་བྱས་ན་བཟང་། གང་ཞིག་བཤད་དང་འཁྲབ་མིན་ལ་མ་ལྟོས་པར་གང་འདོད་ལྟར་ཁོང་ཚོའི་མགྲིན་པ་མ་ན་བར་དུ་འབོད་བཅུག་དགོས། གལ་སྲིད་ཁོང་ཁྲོའི་རྣམ་པའི་ཐོག་ནས་ཚོར་བའི་ལམ་དུ་སོང་བ་ཡིན་ན། ཁོང་ཚོའི་མིག་དབང་འདྲེན་པའི་གོ་སྐབས་འཕར་མ་ཞིག་སྤྲད་པ་དང་མཚུངས།

 

མདོར་བསྡུས་ནས་བཤད་ན། ངའི་སྤུན་ཟླ་ཚོ། བློ་སེམས་རྣལ་དུ་ཕབ་ཏེ། དུས་རབས་ཉེར་གཅིག་པའི་སའི་གོ་ལའི་རང་བཞིན་གྱི་བྱེད་ཐབས་ལ་བརྟེན་ནས། རྟོག་དཔྱོད་དང་ལྡན་པའི་སྒོ་ནས་དངོས་ཡོད་ཀྱི་བདེན་དཔང་ལ་ཁུངས་གཏུགས་ཏེ། རྒྱུ་མཚན་དང་ལྡན་པའི་དངོས་ཡོད་གནས་ཚུལ་རེ་རེ་བཞིན་སྟོན་རོགས་གནང་། མང་གཙོའི་ཐོག་ནས། ཡོངས་གྲགས་ཐོག་དོལ་རྒྱལ་གྱི་རྒྱབ་ཏུ་སྦས་ཡོད་པའི་གསང་བ་ཕྱིར་བསྒྲགས་དགོས། བོད་ཀྱི་ཧ་ལས་པའི་གཡོ་ཇུས་ཤིག་དངོས་སུ་ཁྱུར་མིད་གཏོང་བཞིན་ཡོད།།

 

« Previous Entries Next Entries »

Powered by Wordpress | Designed by Elegant Themes