རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕེ་རེང་ཝུལྤ་མཆོག་གིས་བོད་མིར་གདུང་སེམས་མཉམ་སྐྱེའི་བསྒྲགས་གཏམ་སྤེལ་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕེ་རེང་ཝུལ་(Frank Wolf)མཆོག་གིས་བོད་མིར་གདུང་སེམས་མཉམ་སྐྱེའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། དེ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་དེ་བཞིན་འཛམ་གླིང་རྒྱ་ཁྱབ་ཏུ་གྲོང་ཁྱེར་འདྲ་མིན་ནང་བོད་མིའི་གྲོགས་པོ་རྣམས་ཀྱིས་བོད་ནང་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་བར་ངས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། འདིར་ཁྱེད་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་ཞི་རྒོལ་གནང་བ་དེ་ནི་འོས་འཚམ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པར་བརྟེན་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐད་དཀའ་ངལ་འཕྲད་བཞིན་ཡོད། དགེ་འདུན་པ་དང་བཙུན་མ་གཙོ་བོར་གྱུར་བའི་བོད་མི་རྣམས་ཀྱིས་སྔ་ལོ་ནས་བོད་ནང་དུ་རང་ལུས་མེར་སྲེག་བསྟུད་མར་བཏང་བའི་དོན་རྐྱེན་དེར་རང་དབང་ལྡན་པའི་འཛམ་གླིང་ཡུལ་གྲུའི་ནང་འཁོད་པའི་མི་མང་ཚོའི་སེམས་ནང་འཇིགས་སྣང་དང་དངངས་སྐྲག་ སྐྱེ་གཞི་ཞིག་ཏུ་གྱུར་ཡོད། ཞི་བདེ་ལ་དགའ་བའི་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་ཅན་གྱི་སྲིད་བྱུས་དེར་ བཟོད་ཐབས་བྲལ་ཏེ་རང་ལུས་མེར་སྲེག་བཏང་བ་ཞིག་ཡིན། ང་རང་བོད་ནང་འགྲོ་མྱོང་བ་མ་ཟད། གྲྭ་བཞི་བཙོན་ཁང་ནང་དུ་བོད་མི་ཆབ་སྲིད་བཙོན་པ་དགེ་འདུན་པ་དང་བཙུན་མ་སོགས་དང་ཐུག་འཕྲད་བྱས་མྱོང་ཡོད། སྐབས་དེར་ངོས་དང་ཐུག་འཕྲད་བྱུང་བའི་ཆབ་སྲིད་བཙོན་པ་རྣམས་འཇིགས་སྣང་འོག་གནས་བཞིན་ཡོད་ནའང། འགའ་ཤས་ཀྱིས་བཙོན་ཁང་ནང་ནས་ལྐོག་ཏུ་ང་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་དཔར་སྟོན་གྱི་འདུག ཉེ་ལམ་བོད་ནང་དུ་བོད་མི་མང་པོའི་ཚེ་སྲོག་ཤོར་བར་ང་རང་ཧ་ཅང་བློ་ཕམ་བྱུང་། འོན་ཀྱང་ཁོང་ཚོས་བཟོད་ཐབས་བྲལ་ཏེ་འཛམ་གླིང་མི་མང་ཚོར་རྒྱབ་སྐྱོར་གནང་རོགས་ ཞེས་སྨྲེ་ངག་འདོན་བཞིན་པ་དེར་ངས་བསམ་ཤེས་ཐུབ་ཀྱི་འདུག  ཉེ་བའི་ཟླ་ཤས་ནང་ཕྱི་རྒྱལ་གསར་འགོད་པ་ཁག་གཅིག་གིས་བོད་ནང་དུ་བསྐྱོད་ཐབས་ བྱེད་སྐབས་རྒྱ་མིའི་ཉེན་རྟོག་མི་སྣ་དང་དྲག་ཆས་དམག་མིས་དམ་བསྒྲགས་བཀག་སྡོམ་བྱས་ཡོད། བོད་མི་ཞི་རྒོལ་བ་ཚོར་རྒྱ་མི་ཉེན་རྟོག་པས་མདེལ་ཆར་ཕབ་སྟེ་བོད་མི་ ༡༡ རྐྱེན་ལམ་དུ་བཏང་བའི་ཚོད་དཔག་བྱེད་བཞིན་ཡོད། ད་ཆ་འབྲེལ་ཡོད་ས་ཁུལ་ཁག་ཏུ་རྒྱ་མིའི་དམག་མི་ཁ་སྣོན་བྱེད་བཞིན་ཡོད་པ་མ་ཟད། ས་ཁུལ་དེ་དག་ནང་དྲ་རྒྱར་དམ་བསྒྲགས་དང། འབྲེལ་ཡོད་འགོ་ཁྲིད་སུ་རུང་གིས་བརྟན་ལྷིང་སྲུང་སྐྱོབ་མ་ཐུབ་ཚེ་ལས་ཀ་ནས་གནས་ དབྱུང་གཏོང་རྒྱུའི་སྡིགས་ར་བཏང་བ་ཨ་རིར་རྟེན་གཞི་བྱས་པའི་ཝལ་ས་ཊི་(Wall Street Journal)ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱི་གསར་ཤོག་ནང་འཁོད་ཡོད། དེ་བཞིན་གསར་ཤོག་དེའི་ནང་འཁོད་པར་གཞིག་ན། བོད་མི་ཚོས་གུང་ཁྲན་ཏང་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་རང་ཁྱིམ་གྱི་གྱང་ངོས་ སྟེང་གུང་ཁྲན་ཏང་གི་འགོ་ཁྲིད་ཚོའི་པར་སྒྲིག་གཤོམ་བྱེད་དགོས་པ་འཁོད་ཡོད། བོད་ནང་དུ་གནས་ཚུལ་མ་ལྷག་པ་བྱ་རྒྱུ་གལ་ཆེན་པོར་རྩིས་ཏེ་རྒྱ་ནག་གཞུང་གིས་དམ་ བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད། ངས་རྒྱ་ནག་རྒྱལ་ས་པེ་ཅིང་དུ་གནས་སྡོད་ཨ་རིའི་གཞུང་ཚབ་སྐུ་ཞབས་གྷེ་རི་ལོག་ མཆོག་ལ་རྒྱ་ནག་གུང་ཁྲན་ཏང་ཡོན་གྱི་དཔོན་རིགས་མཐོ་གྲས་ཚོ་དང་ཐུག་འཕྲད་གནང་ སྟེ་བོད་ནང་དུ་རྒྱ་ནག་སྲིད་གཞུང་གིས་བོད་མི་ཚོར་དམ་བསྒྲགས་ཅན་གྱི་སྲིད་ བྱུས་ལག་བསྟར་བྱེད་བཞིན་པའི་གནད་དོན་ཐོག་བགྲོ་གླེང་གནང་དགོས་པ་མ་ཟད། གཞུང་ཚབ་ཀྱི་མཚན་གནས་ཐོག་ཨ་རི་བ་རྣམས་བོད་མི་ཚོའི་སེམས་ཐག་ཉེ་བའི་མཛའ་ བརྩེའི་གྲོགས་པོ་ཡིན་པའི་རྣམ་པ་གསལ་སྟོན་བྱེད་དགོས་པའི་འབོད་སྐུལ་ཡང་ཞུ་ རྒྱུ་བྱུང།  ད་དུང་ངོས་ཀྱིས་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ ཅིང་ཕིང་(Xi Jinping)དང་ལྷན་གྲོས་མོལ་གནང་སྐབས་ད་ལྟའི་བོད་ནང་དུ་དམ་བསྒྲགས་ཅན་གྱི་སྲིད་ བྱུས་དེར་ཨ་རིའི་གཞུང་གིས་སེམས་འཚབ་ཡོད་པའི་རྣམ་པ་གསལ་སྟོན་བྱ་རྒྱུ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་དགོས་པའི་རེ་འདུན་ཡང་འདོན་ དགོས་པ་ཞུ་རྒྱུ་བྱུང། དེ་སྔ་ཨ་རིའི་རྩ་ཁྲིམས་ཉིན་མོའི་གསུང་བཤད་སྐབས་ཤིག་ལ་ཨ་རིའི་སྲི་འཛིན་ཟུར་ པ་སྐུ་ཞབས་རོ་ནལ་རེ་གྷན་མཆོག་གིས་ཨ་རིའི་རྩ་ཁྲིམས་ཀྱི་རྨང་གཞི་རང་དབང་ལ་ གཞི་བཅོལ་རྒྱུའི་དམ་བཅའ་དེ་ཨ་རི་བ་ཙམ་གྱིས་དམ་བཟུང་བྱ་རྒྱུ་ཙམ་མིན་པར་འགྲོ་ བ་མི་རིགས་ཚང་མའི་ཆེད་དམ་བཅའ་དེར་གཅེས་བཟུང་བྱ་རྒྱུའི་ཁེས་ལེན་བྱས་ཡོད་ སྐོར་གསུངས་ཡོད། དེར་བརྟེན་བོད་མི་ཚོར་ད་ལྟ་དཀའ་ངལ་འཕྲད་བཞིན་པའི་གཉན་འཕྲང་གི་དུས་སྐབས་ འདིར་གལ་ཏེ་ང་ཚོས་རྒྱབ་སྐྱོར་བྱེད་མ་ཐུབ་ཚེ་ང་ཚོས་ཨ་རིའི་རྩ་ཁྲིམས་ནང་ཁོད་ པའི་དམ་བཅའ་དེར་རྩིས་སྲུང་མ་བྱས་པ་ཞིག་ཆགས་ཉེན་ཡོད། ཅེས་སོགས་ཀྱི་བསྒྲགས་གཏམ་སྤེལ་ཡོད།

www.tibet.net/tibetan

གནས་ཚུལ་འབྱུང་ཁུངས།

If you are interested in colon cleanse, you may want to check out this colon cleanse information page which will have all the free information you'll need about colon cleanse.

Leave a Reply

Powered by Wordpress | Designed by Elegant Themes